༄༅། ། བདེ་མཆོག་གི་རྒྱས་པ་དང་དབང་གི་སྦྱིན་སྲེག་བྱ་ཚུལ་མདོར་བསྡུས་བཞུགས་སོ། །༄༅། །བླ་མ་དང་འཁོར་ལོ་སྡོམ་པའི་ལྷ་ཚོགས་ལ་ཕྱག་འཚལ་ལོ། །འདིར་འཁོར་ལོ་བདེ་མཆོག་གི་རྒྱས་པའི་སྦྱིན་སྲེག་ བྱ་ཚུལ་མདོ་ཙམ་དགོད་པ་ལ། ཐབ་བརྐོ་བའམ། བརྩིག་ན་རྒྱུར་ཁྲུ་དོ། །དབྱིབ་གྲུ་བཞི། ཟབས་སུ་ཁྲུ་གང། མུ་རན་སོར་བརྒྱད་ཀྱི་མཐའ་ནས་ཁ་ཁྱེར་རྒྱ་དཔངས་སུ་སོར་བརྒྱད་པ། སྟེགས་ བུ་སོར་བཞི་པས་བསྐོར་བ། བྲིས་ཐབ་ལ་ཁྲུ་དོ་གྲུ་བཞི་པའི་ཐབ་ཁུང་གི་ཐིག་མཐར་མུ་རན་སོར་བརྒྱད་པའི་ཐིག་དེའི་མཐར་ཁ་ཁྱེར་སོར་བརྒྱད་པའི་ཐིག་དེའི་མཐར་སྟེགས་བུ་སོར་ བཞི་པའི་ཐིག་གདབ། དེ་དག་གི་དབུས་སུ་འཁོར་ལོ་སེར་པོ་རྩི་བ་བརྒྱད་པའི་ལྟེ་བར་རིན་པོ་ཆེས་མཚན་པ་དང། ཁ་ཁྱེར་ལ་རིན་པོ་ཆེའི་འཕྲེང་བ་སེར་པོས་བསྐོར་བར་བྱ། ཐབ་ཁུང་ལས་དང་དྲི་ [054B] མེ་ཏོག་སེར་པོ་དགྲམ། ཡམ་ཤིང་གི་རྒྱུ་ཞི་བ་དང་འདྲ། ཚད་སྦོམས་སུ་ཆང་གང་དམ། མཐེ་བོང་ཙམ། རིང་ཐུང་ཁྲུ་གང་བ། རྩེ་མོ་གཉིས་མར་དང་ཞོ་དང་འོ་མ་ལ་ སྙུགས་ཤིང་དྲི་སེར་པོ་དང་མདར་གསུམ་གྱིས་སྦགས་པ། བུད་ཤིང་ཡང་ཞི་བ་དང་འདྲ་ཞིང་ལྕི་བས་མི་རུང། ཆུ་བཞི་ནི་གསེར་དང་མ་རྙེད་ན་དུང་ཉ་ཕྱི་སོགས་སེར་པོར་བསྒྱུར་བའི་སྣོད་དུ་ཏིལ་ དང༑ ཞོ་དང། མེ་ཏོག་སེར་པོ་དང། དྲི་སེར་པོའི་ཆུ། ནས། ཏིལ་ནག་ཀུ་ཤ་འབྲས་ཡོས་རྣམས། ནང་གི་བདུད་རྩི་ལྔ་རྣམས་བླུག་པ་སྤོས་ཞིམ་པོས་བདུགས་ཏེ་ སྙིང་པོའི་མཐར་ཨོཾ་སྦྱར་བ་ལན་བདུན་བཟླས་པས་བྱིན་གྱིས་རླབས། མཆོད་རྫས་ནི་མེ་ཏོག་སེར་པོ། །ལྷབ་ གཞན་ཞི་བ་དང་འདྲ། གོས་ཟུང་སེར་པོ། །རྫས་ཆེན་ བཅུ་གཉིས་ཞི་བ་དང་འདྲ། རྐྱས་པའི་རྫས་ཁྱད་པར་པ་ནི་འབྲས་ཆན་ཞོ་དང་བསྲེས་པ་ལ་མངར་གསུམ་གྱིས་སྦགས་པའི་ཟས་མཆོག་སྦྲང་རྩི། ཏིལ་ནག་ཞོ་ཟན། ཞུན་མར་དང་ བཅས་པའི་འབྲས། པདྨ་གེ་སར། ན་ག་གེ་སར། འབྲས་བུ་བཟང་པོ་རྣམས། མཆོད་རྫས་དང་སྲེག་རྫས་ཐམས་ཅད་བདུད་རྩི་རིལ་བུ་ནང་མཆོད་དང་སྦྱར་བ་འམ་མ་རྙེད་ན་ནང་མཆོད་ ཀྱིས་བྲན། རྫས་དང་རྡོ་དྲིལ། དགང་གཟར་སོགས་བཤམ་ལུགས་ཞི་བ་དང་འདྲ། སྤོར་བྱེད་ཀྱི་མེ་ནི་རྒྱལ་པོ་འམ་རྒྱལ་རིགས་ཀྱི་ཁྱིམ་ནས་བྱུང་བའམ་ནོར་བུ་འམ། དགེ་འདུན་གྱི་ཚངས་ མང་ལས་བྱུང་བའི་མེ། དུས་ནི་ཚེས་བཅོ་ལྔ་འམ་གཟའ་སྐར་སོགས་བཟང་པོ་འཛོམ་པའི་ལྔ་དྲོའི་དུས་ནས་མགོ་བརྩམ། ཁ་ལྟ་ཕྱོགས་ནི་བྱང་དུ་ཕྱོགས། ཆས་གོས་སེར་པོ་བགོས་ཏེ་ [055A]༄༅། །འདུག་སྟང་ནི་སྟན་མཐོན་པོ་ལ་གནས་ཏེ་རྐང་པ་གཉིས་དྲང་པོར་འོག་ཏུ་བསྲང་བ་བཟང་པོའི་འདུག་སྟང་བྱ། བསམ་པ་ནི་དགའ་ཞིང་ཚིམ་པའི་སེམས་དང་ལྡན་པས། ཆོ་ ག་ལ་འཇུག་པར་བྱ་ཞིང་དེ་ཡང་སྨྲ་བ་གཞན་བཅད། བདག་སྐྱེད་དག་པ་གསུམ་གྱི་རྣལ་འབྱོར་སྔོན་དུ་འགྲོ་བས། རྡོ་རྗེ་ནི་ཐབས་དང་དྲིལ་བུ་ནི་ཤེས་རབ་སྟེ། ཞེས་སོགས་རྡོ་དྲིལ་བྱིན་གྱིས་ རླབས་ནས། ཀུ་ཤ་འགྲེམ་ལུགས་སྔ་ཕྱི་གཉིས་ཀྱི་རྩེ་མོ་བྱང་དུ་བསྟན། གཞན་ཞི་བ་ལྟར། ཐབ་བསང་སྦྱང། སྟོང་པའི་ངང་ལས་ཧཱུཾ་ཡིག་སེར་པོ་ལས་ཡེ་ཤེས་ཀྱི་ཐབ་ཁ་དོག་སེར་ཞིང་གྲུ་ བཞི་པ། མུ་རན་ཁ་ཁྱེར་དང་བཅས་པ། ཁ་ཁྱེར་ལ་རིན་པོ་ཆེའི་འཕྲེང་བས་བསྐོར་བ། གྲྭ་བཞིར། ཞེས་པ་ནས། མེ་གྲུ་གསུམ་གྱི་དབུས་སུ་པད་ཉིའི་སྟེང་དུ་རཾ་ལས་འཁོར་ལོ་སེར་པོ་ རཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་མེ་ལྷ་སྐུ་མདོག་དཀར་སེར་ཞལ་གཅིག་ཕྱག་བཞི་གཡས་འཁོར་ལོ་དང་མུ་ཏིག་གི་འཕྲེང་བ། གཡོན་པདྨ་དང་སྤྱི་བླུག་འཛིན་པ། དང་སེར་པོའི་ན་ བཟའ་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི། ཞེས་པ་ནས། དམ་ཚིག་བསྒྲགས་པའི་བར་ཞི་བ་དང་འདྲ། མེ་ལྷའི་ལྗག་རྡོ་རྗེའི་རྣམ་པ་ཅན་སེར་པོ་ལ་རཾ་ཡིག་དང། ཞེས་པ་ནས། མཚན་ པར་གྱུར། ལག་པ་གཉིས་ཁུ་ཚུར་དུ་བྱས་པས་དགང་བླུག་བཟུང་ལ་འཐེབ་འཛུབ་གཉིས་རྩེ་སྤྲད་པ་རིན་པོ་ཆེའི་ཁུ་ཚུར་གྱི་ཕྱག་རྒྱས་མར་ཁུ་དབུལ། སྤེལ་ཚིག་བདག་ཅག་དཔོན་སློབ་སྦྱིན་ བདག་འཁོར་དང་བཅས་པ་རྣམས་ཀྱི་ཚེ་བསོད་ནམས་དཔལ་འབྱོར་སྙན་གྲགས་མངའ་ཐང་དགེ་བའི་བསམ་སྦྱོར་ཚོགས་གཉིས་ལུང་རྟོགས་ཀྱི་ཡོན་ཏན་ལོགས་ལེགས་ཚོགས་ཐམས་ཅད་ [055B] ཞེས་པ་སྦྱོར། འདས་པའི་མེ་ལྷའི་སྐབས་སུ། ལྷ་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་སེར་པོའི་ཚོགས་འཕྲོ་བར་གྱུར། སྒྲུབ་བྱ་ལ་འཕྲིན་ལས་མཛད་པའི་སྐབས་སུ་ ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་བུམ་པ་སེར་པོ་བདུད་རྩི་སེར་པོས་བཀང་བ་ཐོགས་ནས་བསྒྲུབ་བྱ་སེར་པོ་ཟླ་བ་སེར་པོ་ལ་གནས་པ་ལ་དབང་བསྐུར་བས་སྲོག་ལུས་དབང་ རླུང་ཚེ་བསོད་ཤེས་རབ་སོགས་ལེགས་ཚོགས་ཐམས་ཅད་རྒྱས་ཤིང་བུམ་པ་ནས་རིན་པོ་ཆེའི་ཆར་བབ་པས་ཁྱིམ་གང་བར་གྱུར། པར་བསམ། གཞན་ཐམས་ཅད་ཞི་བའི་སྐབས་བཞིན་ བྱ༑༑ ༑༑དབང་གི་སྐབས་སུ། ཐབ་ཀྱི་རྒྱ་དབང་ཁྲུ་གང། དབྱིབས་ཟླ་གམ་མམ་གླུ་གསུམ་དབུས་སུ་མངའ་དམར་པོས་མཚན་པ། ཁ་ཁྱེར་ལ་མདའི་འཕྲེང་བས་བསྐོར་བ། མུ་རན་ རྒྱའི་བཅུ་གཉིས་ཆ་ཁ་ཁྱེར་དྲུག་ཆ། ས་དམར་པོ་དང་དྲི་དམར་པོས་བྱུགས། ཡམ་ཤིང་ནི་ཤིང་དམར་པོ་འམ་ནི་མ་པ་དང་ཐང་ཤིང་དང་ཤིང་སྐྱུར་བ་མེ་ཏོག་དང་བཅས་པ་གང་རུང་ཚད་སོར་ ལྔ༑ བུད་ཤིང་ཡང་རྒྱུ་འདི་དང་འདྲ། ཆུ་བཞི་ནི་ཟངས་ཀྱི་སྣོད་དུ་མེ་ཏོག་དམར་པོ་དང་དྲི་དམར་པོའི་ཆུལ་ནས་སོགས་བླུགས་པ་སྔ་མ་དང་འདྲ། སྙིང་པོའི་མཐར་ཧོཿ་སྦྱར་བ་བདུན་བཟླས་ ལ་བརླབ། མཆོད་རྫས་ལ། མེ་ཏོག་དྲི་ཞིམ་པ་དམར་པོ། །ལྷ་བཤོས་མངར་གསུམ་དང་སྦྱར་བ། གཞན་རྣམས་སྔ་མ་དང་འདྲ། གོས་ཟུག་དམར་པོ། །རྫས་ཆེན་བཅུ་གཉིས་ འདྲ༑ དབང་གི་རྫས་ཁྱད་པར་བ་ནི་མེ་ཏོག་དང་འབྲས་བུ་སྐྱུར་མོ་དང། མེ་ཏོག་དྲི་ཞིམ་པོ་རྣམས་སོ། །མེ་ནི་སྨད་འཚོད་མ་དང་རྗེ་རིགས་ཀྱི་ཁྱིམ་ནས་བྱུང་བའི་མེ། དུས་ནི་ཚེས་བརྒྱད་དང་ [056A]༄༅། །གཟའ་སྐར་བཟང་པོའི་ཉིན་ཕྱེད་དམ་དགོངས་ཁ་དང་མཚན་ཕྱེད་ནས་མགོ་བ་རྩམ། ཁ་ལྟ་ཕྱོགས་ནི་ནུབ། རྒྱན་གོས་དམར་པོ། འདུག་སྟང་མཐོ་ཞིང་བདེ་བའི་སྟན་ལ་ རྡོ་རྗེ་སྐྱིལ་ཀྲུང། བསམ་པ་ནི་ཆགས་པའི་སེམས། ཀུ་ཤ་དང་པོ་གཡོན་ངོས་ནས་འགྲེམས་པའི་ཀུ་ཤ་གཉིས་དང་སྟེང་ནས་གཡོགས་པའི་རྩེ་མོ་ནུབ་བསྟན། ཐབ་སྟོང་པའི་ངང་ལས་ཧཱུཾ་ཡིག་ དམར་པོ་ལས་ཡེ་ཤེས་ཀྱི་ཐབ་ཁ་དོག་དམར་ཞིང་ཟླ་གམ་གྱི་དབྱིབས་ཅན་མུ་རན་ཁ་ཁྱེར་དང་བཅས་པ། ཁ་ཁྱེར་ལ་པདྨའི་འཕྲེང་བས་བསྐོར་བ། གྲྭ་བཞིར། ཞེས་པ་ནས། མེ་གྲུ་གསུམ་གྱི་དབུས་སུ་ པད་ཉིའི་སྟེང་དུ། རཾ་ལས་མདའ་དམར་པོ་རཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་མེ་ལྷ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་གཡས་མདའ་དང་རིན་པོ་ཆེ། གཡོན་གཞུ་དང་མེ་ལུང་འཛིན་པ་ དར་དམར་པོའི་ན་བཟའ་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི། ཞེས་པ་ནས། དམ་བསྒྲགས་ཀྱི་བར་འདྲ། མེ་ལྷའི་ལྗག་རྡོ་རྗེའི་རྣམ་པ་ཅན་དམར་པོ་ལ་རཾ་ཡིག་དང། ཞེས་པ་ནས་ མཚན་པར་གྱུར། མཐེབ་འཛུབ་གཉིས་རྩེ་སྤྲད་པ་ཟླུམ་པོར་བྱས་པའི་འཛུབ་མོའི་ཕྱི་ནས་གུང་མོས་དཀྲིས་པའི་པདྨའི་ཁུ་ཚུར་གྱིས་དགང་བླུག་བཟུང། སྤེལ་ཚིག་བདག་ཅག་ནས། རྣམས་ ཀྱིས་ཇི་ལྟར་འདོད་པའི་དོན་ཐམས་ཅད་ཝ་ཤཾ་ཀུ་རུ་ཧོཿ་སྲེག་རྫས་སོ་སོའི་རྫས་སྔགས་སོ་སོ་བ་མི་སྦྱོར་བར་གང་ལ་འབུལ་ཡུལ་གྱི་ལྷའི་སྔགས་ཀྱིས་དབུལ། འདས་པའི་མེ་ལྷའི་སྐབས། ལྷ་ཐམས་ ཅད་ཀྱི་སྐུ་ལས་འོད་ཟེར་དམར་པོའི་ཚོགས་འཕྲོ་བར་གྱུར། འཕྲིན་ལས་ཀྱི་སྐབས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་བྷ་གའི་གདན་ལ་དབང་དུ་བསྡུ་བྱའི་སྒྲུབ་བྱ་བཞག་དུ་མ་སྐྱེས་མ་དམར་ [056B] གཞུ་རྒྱུད་ཀྱིས་མགྲིན་པ་བཅིངས་ཏེ་མདུན་དུ་བཀུག་པ་ལ་དུ་མ་སྐྱེས་མ་དམར་མོས་དབང་བསྐུར་བསམ་དད་པའི་ དྲི་མ་བཀྲུས་ནས་རང་དང་སྦྱིན་བདག་རྣམས་ཀྱི་དབང་དུ་འདུ་བར་གྱུར་པར་བསམ། གཞན་ཐམས་ཅད་སྔ་མ་དང་འདྲ། འདི་དག་ནི་བདེ་མཆོག་གི་རྒྱས་པ་དང་དབང་གི་སྦྱིན་སྲེག་བྱ་ཚུལ་གྱི་ དམིགས་གསལ་ཁྱད་པར་བ་མདོ་ཙམ་ཞིག་སྦྱིན་སྲེག་འོད་སྙེ་དང། དངོས་གྲུབ་རྒྱ་མཚོ་དང། བུ་སྟོན་གྱི་བདེ་མཆོག་གི་ལས་བཞིའི་སྦྱིན་སྲེག་འཕྲིན་ལས་ཀུན་འགྲུབ་རྣམས་ལས་བཏུས་ཏེ་ བཀོད་པ་ཡིན་ལ། ཐུན་མོང་པའི་འདོན་ཆ་རྣམས་དཔེན་དགོན་དུ་བདེ་མཆོག་གི་སྦྱིན་སྲེག་མཛད་པའི་ལག་ལེན་ཇི་ལྟ་བ་བཞིན་ཡིན་ཟེར་བ་ཡོད་པའི་བདེ་མཆོག་གི་ཞི་བའི་སྦྱིན་སྲེག་གི་དཔེ་སྤར་མ་ ལྟར་སྦྱར་བས་རུང་ཞིང་ཞི་བ་པར་ནི་གཞུང་ཆེན་པོ་རྣམས་ལས་ཤེས་པར་བྱའོ། །ཞེས་དཔལ་འཁོར་ལོ་བདེ་མཆོག་གི་རྒྱས་པ་དང་དབང་གི་སྦྱིན་སྲེག་བྱ་ཚུལ་གྱི་ཡིག་ཆུད་འདི་ཡང་ནང་རིག་པ་དང་གསོ་བ་ རིག་པ་ལ་རྣམ་དཔྱོད་ཡངས་པའི་རབ་འབྱམས་སྨྲ་བ་ངག་དབང་བསྟན་འཛིན་གྱིས་བསྐུལ་བ་ལྟར་སྙོམས་ལས་པ་ངག་དབང་བློ་བཟང་ཆོས་ལྡན་གྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།